བྱུ་རུ་དམར་ཆུང་།,
གངས་དཔལ་གྱིས་ཚིག་བརྩམས།,
མགར་བསམ་འགྲུབ་ཚེ་རིང་གིས་དབྱངས་བརྩམས།,
རོལ་མོ་སྒྲིག་བཟོ་བ། ཤེར་བྷ།,
སྒྲ་ཕབ་པ། བིས་མདོ་བ་རིན་ཆེན།
ལེན་མཁན། ཚེ་དཔག།
༡
ན་ནིང་རྟ་རྒྱུག་གི་ཐོག་ནས།
རྒྱ་ཞྭ་ལེབ་མོ་གོན་པའི།
ཕྱོར་སོ་གསེར་གྱིས་ཤན་པའི།
འབྲོག་མོ་སྙིང་རྗེ་ཞིག་མཐོང་བྱུང་།
ད་ལྟ་རྒྱུས་གོམས་མེད་ཀྱང་།
སྣང་བརྙན་དྲན་པ་ལ་འཁོར་ཡོང་།
ཁོ་མོས་་རྒྱ་ཞྭའི་ཟུར་གྱི།
མེ་ཏོག་ལྗང་སེར་གློ་དམར།
ད་རུང་ངའི་སེམས་ནང་ན་སྐྱེས་འདུག།
ད་རུང་ངའི་སེམས་ནང་ན་སྐྱེས་འདུག།
༢
ཁྲི་འདུའི་ཁྲོམ་ཆེན་གྱི་དབུས་ནས།
ལུས་ཀྱི་འཁྲི་ཤིང་ལྡེམས་པའི།
ལན་བུ་གཡུ་རྒྱན་མཛེས་པའི།
འབྲོག་མོ་སྙིང་རྗེ་ཞིག་མཐོང་བྱུང་།
ཚིག་གསུམ་ཞུས་པ་མེད་ཀྱང་།
གོམ་ཆུང་སེམས་ནང་ལ་བླངས་བྱུང་།
དཀར་གསལ་ཟླ་བའི་ཞལ་གྱི།
གཅེས་པའི་དགོད་འཛུམ་རེ་རེ།
ད་རུང་ངའི་མིག་ལམ་ལ་ཤར་ཡོང་།
ད་རུང་ངའི་མིག་ལམ་ལ་ཤར་ཡོང་།
༣,
ནམ་མཁའ་གཅིག་གི་ནི་འོག་ན།
ས་གཞི་གཅིག་གི་སྟེང་ན།
མཉམ་དུ་གནས་ཡོད་བསམ་ན།
བློ་འགྱོད་ཆེན་པོ་ཞིག་མི་འདུག
ངེད་གཉིས་ཞེ་འགྲོགས་མིན་ཀྱང་།
ལོ་ཟླ་གྲངས་མེད་ལ་དྲན་བྱུང་།
ལུས་བདེ་སེམས་སྐྱིད་ངང་ནས།
ཁོ་མོས་སྐྱིད་ཅིག་མཐོང་བར།,
སྐྱབས་འཇུག་ངས་སྙིང་ཁོང་ནས་ཞུའོ།
ཁོ་མོས་སྐྱིད་ཅིག་མཐོང་བར།
སྐྱབས་འཇུག་ངས་སྙིང་ཁོང་ནས་ཞུའོ།