作词 : Jancen
作曲 : ARK Band
སྟོད་ཞང་ཞུང་ལུང་རིང་། གཅོད་དུས་མེས་པོ་དྲན།
བར་དབུས་གཙང་རུ་བཞི འགྲིམ་དུས་བླ་མ་དྲན།
སྨད་མདོ་ཁམས་སྒང་དྲུག་བརྒྱུད་དུས་དཔའ་བོའི་གཏམ་རྒྱུད་དྲན།
ས་གསུམ་གསོ་བྱེད་གཙང་བོ་སྤུན་གསུམ་གངས་རིའི་ར་ནས་བྱུང་།
ཡར་ཀླུང་གཙང་བོ། འབྲི་ཆུ་སྔོན་མོ། ཆུ་བོ་གསེར་ལྡན།
འབབ་ས་རྒྱ་མཚོ། ཡོང་ས་གངས་ལྗོངས། གངས་ཅན་པའི་སྲོག་རྟེན།
གངས་ཕྲུག་ང་། གངས་འདབས་ནས ལམ་ལ་ཆས་ཏེ་རྒྱང་དུ་ཕྱིན།
དུས་ནམ་ཡང་། གནས་གང་ཡིན་ཡང་། བློ་དཀར་པོ་ཁྱེད་ལ་བཅིངས།
ཁྱེད་ཀྱི་བུ་ཕྲུག་ང་ཚོས།
གངས་ཀྱི་ཕྱོགས་བཞིར་སྲུང་ནས་ཡོད།
ཁྱེད་ཀྱི་བུ་ཕྲུག་ང་ཚོས།
སྟག་སེང་ཁྱུང་འབྲུག་བཀུར་བཞིན་ཡོད།
ཤར་གྱི་རྒྱལ་རོང་དམ་པ། ལྷོ་ཡི་རྟ་མང་ལྷོ་པ།
ནུབ་ཀྱི་སྦལ་ཏི་ལ་དྭགས། བྱང་གི་མདུང་ནག་བཀའ་མ་ལོག
གངས་ཀྱི་གཤོག་པར་བཀོད་པའི་ན་གཞོན་ཚོས།
གསར་རྙིང་གྲུབ་མཐའི་ཕྱོགས་ཞེན་ཡོངས་སྤང་ནས།
དྲག་རླུང་དང་ཚ་རྡུབ་ཀྱིས་རྡུང་བ་དང་།
ཕྲག་དོག་དང་རྣབས་སེམས་ཀྱིས་མནར་ནའང་།
ལེ་ལོ་ཡི་ལྷད་མ་འདྲེས།
བར་སྣང་ཡོངས་རེ་བས་ཁེངས། བློ་མ་ཕམ། སེམས་མ་སྐྱོ། ཤུགས་མ་ཆད། ལམ་ལ་ཆས།
གངས་ལས་གྲུབ་པའི་གཤོག་ཟུང་ཤུགས་ཀྱིས་བརྐྱངས།
གངས་རི་ཕྲེང་བའི་རྒྱུ་ཐག་དམ་པོར་བཟུང་།
གངས་ཆུ་སེམས་ཀྱིས་སྐྱོང་། སྙིང་ནས་གཅེས། སྲི་ཞུ་བསྒྲུབ།
ཀི་བསོ་བསོ་ལྷ་རྒྱལ་ལོ།
ཕ་སྤྲེའུ་མ་སྲིན་གདོང་དམར་བ།
བོད་གངས་ཅན་ལྗོངས་ཀྱི་བདག་པོ་ཚོ།
བོད་གྱི་གདུང་རྒྱུད།མཁྲེགས་བཟུང་ང་རྒྱལ་སྤང་དགོས འབྱུང་འགྱུར་ཉིད་ལ་མོས་དགོས