作词 : 杰普确森
作曲 : 罗萨
འཚོ་བར་འཁྱུད་པའི་གདངས།
ཚིག། ཀྱེ་ཕུར་མཆོག་གསུམ།
གདངས། བློ་གསལ།
གཞས་པ། ཕུར་བ་སྐྱབས།
ཡིད་སེམས་སྤྲིན་པའི་གཞི་ལས།།
དྲན་གདུང་ཁ་བ་བབས་སོང་།།
ཁ་བའི་འདབ་མའི་ངོས་སུ།།
ཟེར་མའི་ཡིག་ཆུང་བབས་འདུག།
ཡིག་ཆུང་སུ་ཡིས་མ་བྲིས།།
ལོ་ཟླའི་འགྲོས་ཀྱིས་བྲིས་བཞག།
ལོ་ཟླས་བྲིས་པའི་ཡི་གེ།
དམར་ཆུང་སྙིང་ལ་རུམ་ཡོད།།
ཡིད་སེམས་སྤང་ལྗོངས་སྔོན་མོར།།
དྲན་གདུང་མེ་ཏོག་འཁྲུངས་སོང་།།
མེ་ཏོག་འདབ་མའི་ངོས་སུ།།
ཟེའུ་འབྲུའི་ཡིག་ཆུང་བྲིས་བཞག།
ཡིག་ཆུང་སུ་ཡིས་མ་བྲིས།།
ཁྲེལ་གཞུང་འོ་མས་བྲིས་བཞག།
འོ་མས་བྲིས་པའི་ཡི་གེ།
ཤག་ཤག་སྣང་བར་འཐིམས་ཡོད།།
ཡིད་སེམས་ཤོག་དཀར་ངོས་སུ།།
དྲན་གདུང་རི་མོ་བབས་སོང་།།
རི་མོའི་ཨ་ལོང་ནང་ལ།།
བརྩེ་བའི་ཨ་ཡིག་བྲིས་བཞག།
ཨ་ཡིག་སུ་ཡིས་མ་བྲིས།།
བདེན་པའི་ངག་གིས་བྲིས་བཞག།
ངག་གིས་བྲིས་པའི་ཨ་ཡིག།
འཚོ་བའི་གདངས་ལ་འཁྱུད་སོང་།།