巴金旺甲 - 红丝带
དར་སྐུད་དམར་པོ།
བོད་བརྙན༼ དར་སྐུད་དམར་པོ ༽འི་བརྗོད་དོན་གླུ་གཞས།
གཞས་ཚིག ཁྲི་བཀྲ་རྒྱམ།
གཞས་གདངས།དཔལ་ཆེན་དབང་རྒྱལ།
གཞས་པ། དཔལ་ཆེན་དབང་རྒྱལ།
རུ་སྡེ་ཁྲ་མོ་ཞིག་ན།།
བརྩེ་སེམས་འོ་ཆུ་འདྲེས་སའི།།
སྙིང་གཏམ་བྲོ་ཁ་སློང་སའི།།
སྙིང་གི་ཚེ་ཡ་གཅིག་ཡོད།།
ཚེ་གྲོགས་སྙིང་གི་བུ་མོར།།
ཚེ་ལ་བར་ཆད་མེད་ན།།
ལས་ཀྱི་དར་སྐུད་དམར་པོ།།
མི་ལྷོད་དམ་དུ་བརྒྱབ་ཆོག །
ཨོ་་་དམ་ཚིག་ཤེལ་གྱི་མེ་ལོང་།།
རང་རང་སེམས་ན་གསལ་ཡོད།།
རང་སེམས་སྲུང་བའི་བུ་མོ།།
གཏན་གྱི་འདུན་མར་བསུས་ཆོག །
རུ་སྡེ་ཁྲ་མོ་ཞིག་ན།།
ཁ་ཚིག་མཐུན་པ་ལབ་སའི།།
ཁ་སེམས་ཕྱི་ནང་མེད་སའི།།
ལས་ཀྱི་སྐྱ་ཡ་གཅིག་ཡོད།།
མི་ལུས་རིན་ཆེན་ཟེར་ཡ།།
མི་འདོད་ནད་ཀྱིས་འཕུང་ན།།
ལས་ཀྱི་དར་སྐུད་དམར་པོ།།
མི་འདོད་སོ་སོར་གྱེས་འགྲོ།།
ཨོ་་་འདུ་བྲལ་འཁོར་བའི་ཆོས་ཉིད།།
ལྡོག་ཐབས་མེད་པ་ལས་རེད།།
ཚེ་རབས་རྗེས་མ་ཞིག་ལ།།
འཛོམས་པའི་སྨོན་ལམ་བརྒྱབ་ཆོག །