作词 : 拉增昂秀
作曲 : 博多尔强
编曲 : 周强加
གྲོང་གླུ།
ཚིག གཅན་སྐོར་ལྷ་བཙན་དབང་ཕྱུག
དབྱངས། བྷོད་རྡོར་འཆང་།
ལེན་མཁན། བྷོད་རྡོར་འཆང་།
རོལ་མོ་སྒྲིག་བཟོ་བ། འབྲུག་ཁྱུང་རྒྱལ།
ལོ་གཞོན་པའི་ཁྲ་ཡག་རྫ་ལ།།
སྨུག་སོལ་ལོ་ལོ་རེ་འཐིབས་པ།།
རླུང་ཤུ་རུ་རུ་ཞིག་རྒྱུ་བ།།
བཤད་ཅི་དགོས་འཇིག་རྟེན་དཔེ་རེད།།
ལས་བསོད་ནམས་མེ་ཏོག་བཞད་པ།།
སྐྱིད་དགའ་སྡུག་ཆུ་ཡང་འབབ་པ།།
རྟག་མི་རྟག་བསམ་པས་ཆོད་དཀའ།།
བརྟན་མི་བརྟན་བློ་ཡིས་ཁེད་དཀའ།།
སེམས་རྒོད་པོའི་འདོ་རིག་རྟ་ལ།།
ལྕག་ཕྲ་མོའི་རྒྱུན་ཐག་མང་བ།།
སྲབ་གོར་མོའི་བཏང་ལྷོད་འབེལ་བ།།
བཤད་ཅི་དགོས་སྲིད་པའི་སྲོལ་རེད།།
རྒྱུག་གོམ་ལག་སྲབ་མདའི་སྣེ་རེད།།
སྲབ་རྟོད་ཐག་རང་གི་ལག་རེད།།
སྒ་གང་བསྟོད་སེམས་ཀྱི་འདོད་རེད།།
ལམ་གང་གཅོད་འདོད་པའི་དཀྱིལ་རེད།།
སྡེ་ཆེན་པོའི་ན་དམར་གཞུང་ལ།།
གླིང་མྱི་ཁའི་ཉི་ཟླ་འཁོར་བ།།
གཏམ་བཟང་ངན་གཉིས་ཀ་འཐབ་པ།།
སྐྲག་ཅི་དགོས་འཁོར་བའི་ལུགས་རེད།།
ནང་ཕུ་ནུའི་བརྩེ་བ་གྲིག་རྒྱུན།།
ཕྱུགས་ཁྲ་ཆེན་སྤྲིན་གྲིབ་ལེབ་རྒྱུན།།
ཡིད་དགའ་ན་གླུ་ཡང་ལེན་འགྲོ།།
སེམས་སྐྱིད་ན་བྲོ་ཡང་འཁྲབ་འགྲོ།།