࿄࿄࿄
འཛམ་གླིང་ཡང་རྩེ་ཉི་མ་ལྷ་སའི་བྱང་།།
བཀྲ་ཤིས་གཡང་ཆགས་རྔམ་ཆེན་རི་བོའི་འདབས།།
གེ་སར་བྱིན་རླབས་སྟོབས་དང་ཐབས་འཕྲུལ་མཐུས།།
སྒ་སྡེའི་ཞིང་ཐང་ཕྱོགས་འདིའི་བསོད་ནམས་དཔལ།།
རྡོ་དང་སྤོ་ཐོ་བསལ་ནས་ཞིང་ལས་བྱེད།།
གཡང་གི་ར་བ་སྒོ་བཞིའི་ལུད་གཙང་འདེབས།།
སྔོན་མོ་ནས་ཀྱི་ས་བོན་ཁྱབ་པར་གཏོར།།
རྨོད་གཉའ་ཟོར་ཐང་འཛོམསཔའི་དུས་སུ་གཅོག།
ཨེ་མ་རྨོད་ཁལ་རྭ་ཅོ་མར་དང་དར་སྣ་ཡིས་བརྒྱན་ཏེ།།
ཨ་ཧོ་ཕྱེ་མར་ཆང་དང་བཀྲ་ཤིས་ཞལ་བསྲོ་ཞིག་བྱེད་དོ།།
࿄࿄࿄
ཞིང་པས་ལག་གཡོན་ཐོང་གཤོལ་ས་ལ་འཛུགས།།
གཡས་པས་འདེད་ལྕག་ངག་ནས་མ་ཎིས་སྐོར།།
ཞ་ལུ་ལྗང་བུ་སྙེ་མའི་མགོ་ལྕོག་ལྡེམ།།
ལག་ཏུ་ཟོར་བ་ཐོགས་ཏེ་བཙས་མ་བརྔ།།
ངག་ནས་གླུ་དབྱངས་ལེན་བཞིན་ལོ་ཏོག་འཆིང་།།
ཡིད་ལ་དགའ་སྤྲོས་ཁེངས་བཞིན་ཚར་མ་བརྩེགས།།
སྙེ་མ་ཐང་ལ་བཀྲམ་སྟེ་དབྱུག་རེས་རྡུང་།།
འཕྱར་གཞོང་རླུང་ལ་ཕྱོགས་ཏེ་ཕུབ་མ་འཕྱར།།
འཕྱར་གཞོང་རླུང་ལ་ཕྱོགས་ཏེ་ཕུབ་མ་འཕྱར།།
࿄࿄࿄
ཨ་ཕ་རྒན་པོ་བློ་བདེ་བག་རེ་ཕེབས།།
ཨ་མ་རྒན་མོ་ཡ་ཐོད་འཛུམ་གྱིས་གང་།།
སྨན་ཆུང་བུ་མོས་ཐབ་ཏུ་ནས་འབྲུ་རྔོད།།
བྱིས་པའི་དགའ་སྟོན་ཡོས་ཁྲ་ཐགས་སེ་ཐག།
རང་འཐག་དལ་གྱིས་སྐོར་བ་ཆི་ལི་ལི།།
སྦྲང་དཀར་རྩམ་པའི་ཕྱེ་མ་ཐ་ལ་ལ།།
དེ་ཚེ་ཡུལ་འདིའི་སྣོད་བཅུད་བཀོད་རེ་ལེགས།།
ནང་བཅུད་སྐྱེ་བོའི་ཚོགས་རྣམས་བདེ་ཞིང་སྐྱིད།།
ནང་བཅུད་སྐྱེ་བོའི་ཚོགས་རྣམས་བདེ་ཞིང་སྐྱིད།།
ཨེ་མ་ཕྱི་ནང་སྣོད་བཅུད་རྟེན་འབྲེལ་ཕུན་ཚོགས་ཀྱི་ངང་ནས།།
ཨ་ཧོ་བཀྲ་ཤིས་དཔལ་གྱིས་ཀུན་ནས་བཀྲ་ཤིས་ནི་ཤིསཤོག།