作词 : 门俄保
作曲 : 民间
གླུ་ཨ་ལ་གླིང་གི་ལེན་ལུགས་ཡིན།།
ཐ་ལ་ངག་གི་འགུག་ལུགས་རེད།།
རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན།།
བྱིན་རླབས་དངོས་གྲུབ་སྩལ་ཏུ་གསོལ།།
ས་འདིའི་ས་ངོ་མ་ཤེས་ན།།
གླིང་དཀར་སྐྱིད་པའི་འདུ་ར་རེད།།
ང་འདྲའི་ང་ངོ་མ་ཤེས་ན།།
འཛམ་གླིང་བུ་མོའི་དྭངས་རྩེ་དང་།།
གླིང་དཀར་སྟོད་པའི་དཔོན་པོ་ལ།།
སྐྱ་ལོ་སེང་ལྕམ་འབྲུག་མོ་ཟེར།།
མཛེས་མོ་རྨ་བྱའི་སྒྲོ་གུར་ཡིན།།
དྲང་ལྡེམ་མདའ་སྨྱུག་སིལ་མ་ཡིན།།
དེ་རིང་བཀྲ་ཤིས་དུས་བཟང་ལ།།
གླིང་རྗེ་གེ་སར་ཉི་མ་ལ།།
བློན་ཚོགས་དཔའ་བརྟུལ་སྐར་ཚོགས་བཀྲ།།
དགའ་སྐྱིད་སྟོན་མོའི་དཔལ་ལ་འཛོམས།།
འབྲུག་མོས་བདུད་རྩིའི་ཇ་སྐྱེམས་འདྲེན།།
ཇ་བྱུང་གོང་མ་ལྷ་ལ་བྱུང་།།
ལྷ་དབང་བརྒྱ་བྱིན་ཡུལ་བྱུང་།།
འཆི་མེད་གྲུབ་པའི་བདུད་རྩིར་དངོས།།
ཇ་བྱུང་བར་མ་མི་ལ་བྱུང་།།
རྒྱ་བོད་ཡུལ་གྲུ་ཀུན་ལ་བྱུང་།།
དྲི་ཞིམ་སྨན་གྱི་ངད་ལ་ཐུལ།།
སྐོམ་སེལ་ལུས་བདེ་སེམས་ཁམས་དྭངས།།
དེ་རིང་ཇ་འདི་གླིང་དཀར་ཇ།།
མཁའ་འགྲོ་ནེའུ་ཆུང་ལྷ་མོ་ཡིས།།
གངས་ཆབ་སྨན་ཆུང་དྭངས་མོ་བླངས།།
ཐབ་སྒྱེད་རི་གསུམ་ལྷུན་པོའི་ཁར།།
ཟངས་དཀར་བཀྲ་ཤིས་འཁྱིལ་བའི་ནང་།།
ཇ་ཤིང་མེ་ཏོག་འདབ་དྲུག་སོགས།།
སེག་ཆེན་ཇ་ལ་སྤར་གསུམ་བཏབ།།
སེག་ཆུང་ཁ་ནས་སྤར་གསུམ་བཏབ།།
ཁོལ་མོ་གཡུ་འབྲུག་ལྡིར་ལྡིར་བྱས།།
དུ་བ་ལྷ་སྤྲིན་འཁྱིལ་འཁྱིལ་བྱས།།
མེ་ལྕེ་གློག་དམར་འཁྱུག་འཁྱུག་བྱས།།
ཇ་ཁོལ་རྒྱ་མཚོ་འཕྱུར་འཕྱུར་བྱས།།
ཇ་རླངས་སྨུག་སྤྲིན་འཐིབ་འཐིབ་བྱས།།
ཇ་ཟིལ་སེར་བ་འབབ་འབབ་བྱས།།
འབྲི་འོ་དཀར་པོའི་ཞིམ་མངར་བསྣན།།
བྱང་ཚ་དཀར་པོའི་བྲོ་བ་བསྐྱེད།།
མར་དཀར་རིལ་བུའི་ཇ་ཞག་སྤྲས།།
ལྷ་ལ་སྐྱབས་འཇུག་ཞུ་བཞིན་དུ།།
ཇ་ཕྱར་ཐེངས་མ་གསུམ་ལ་ཕྱར།།
ཇ་ཕུད་དཀོན་མཆོག་གསུམ་ལ་མཆོད།།
དཀར་ཕྱོགས་ལྷ་སྲུང་ཡོངས་ལ་མཆོད།།
ཇ་བཅུད་དེམ་དཀར་བུམ་པར་བསུས།།
དཀར་ཡོལ་བདུད་རྩི་བཅུད་འཛིན་ནས།།
ཇ་བཅུད་རྒྱལ་བོ་ཡོངས་ལ་འདྲེན།།
ཇ་འདིའི་ཡོན་ཏན་བསམ་མི་ཁྱབ།།
འཆི་མེད་བདུད་རྩིའི་བཅུད་གཡང་འཁྱིལ།།
གྲུབ་པའི་རྒྱལ་མོའི་ཚེ་གཡང་འདུས།།
ཇ་འདྲེན་འབྲུག་མོ་བསོད་ནམས་ཆེ།།
ཇ་བཞེས་རྒྱལ་བློན་གཟི་བརྗིད་ཆེ།།
ཇ་འདི་བཞེས་པའི་བསོད་ནམས་ཀྱིས།།
དབུ་འཕང་དགུང་ལས་མཐོ་བར་ཤོག།།
སྐུ་བརྗིད་རི་ལས་བརྟན་པར་ཤོག།།
འཕྲིན་ལས་རྣམ་བཞི་ལྷུན་འགྲུབ་ཤོག།།
བདུད་བཞི་ཟིལ་གྱིས་གནོན་པར་ཤོག།།
ནག་ཕྱོགས་རྩད་ནས་འཇོམས་པར་ཤོག།།
དཀར་ཕྱོགས་བསྟན་པ་ཚུགས་པར་ཤོག།།
སེང་ལྕམ་འབྲུག་མོས་ཇ་སྐྱེམས་འདིས།།
འཛམ་གླིང་ཡོངས་ལ་བཀྲ་ཤིས་ཤིང་།།
གླིང་དཀར་སྟོད་ལ་ཕུན་ཚོགས་ཤོག།།
བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག།།
རྒྱལ་བློན་ཐུགས་ལ་དེ་ལྟར་ཞོག།།