作词 : 三佰东主
作曲 : 三佰东主
བུ་མོ་རྒྱང་རིང་ནས་ཕེབས་ཡོང་།
སེམས་པའི་གུར་ཁྱིམ་ལ་འཛོམས་སོང་།
གུར་མཐའ་མེ་ཏོག་གི་གདན་ལ།
གཡང་དཀར་ལུག་ཆུང་ཁྱོད་འཁོར་ཡོད།
བུ་མོའི་སྙིང་གཏམ་གྱི་མགུར་མ།
སེམས་པའི་གུར་ཁྱིམ་ལ་འཐེན་སོང་།
གུར་མཐའ་བསིལ་རླུང་གིས་བཀྱགས་ན།
འཛོམས་པ་རྨི་ལམ་ལ་འཁོར་ཡོང་།
བུ་མོའི་ཁྲེལ་གཞུང་གི་སྦྲང་ཆར།
སེམས་པའི་གུར་ཁྱིམ་ལ་བབས་ཡོད།
གུར་ཆུང་འཇའ་འོད་ཀྱིས་བརྒྱན་ན།
མི་ཚེའི་སྨོན་ལམ་དེ་འགྲིག་ཡོང་།
བུ་མོ་རྒྱང་རིང་ནས་ཕེབས་ཡོང་།
སྐྱིད་ཀྱི་སྦྲ་ཁྱིམ་ལ་འཛོམས་སོང་།
སྦྲ་འདབས་ནེའུ་གསེང་གི་གདན་ལ།
གཡང་གི་བེའུ་ཆུང་ཁྱོད་འཁོར་ཡོད།
བུ་མོའི་ཞེ་སེམས་ཀྱི་ཆར་བ།
སྐྱིད་ཀྱི་སྦྲ་ཁྱིམ་ལ་ཕབ་ཡོད།
སྦྲ་མཐའ་སྨུག་པ་ཞིག་འཐིབ་ན།
རྫི་གླུ་སྙན་མོ་དེ་དྲན་ཡོང་།
བུ་མོའི་དུང་སེམས་ཀྱི་འོ་མ།
སྐྱིད་ཀྱི་སྦྲ་ནང་ལ་ལྟེམས་ཡོད།
སྦྲ་ཆུང་ནོར་བུ་ཡིས་བརྒྱན་ན།
མི་ཚེའི་སྨོན་ལམ་དེ་འགྲིག་ཡོང་།
སྦྲ་ཆུང་ནོར་བུ་ཡིས་བརྒྱན་ན།
མི་ཚེའི་སྨོན་ལམ་དེ་འགྲིག་ཡོང་།