编曲 : 噶萨扎西卓玛
སྨན་ཆུང་བུ་མོ།
ཨ་རོགས་སྨན་ཆུང་བུ་མོ་ལགས།།
དབྱར་ཟླ་མགོ་མའི་སྐྱེད་ཚལ་ནས།།
རྐང་དྲུག་གཞོན་ནུའི་རྩེ་ཡ་ཡིན།།
ལང་ཚོའི་འདབ་མའི་བར་གསེང་ན།།
སྦྲང་ཆར་སིལ་མའི་དངོས་གྲུབ་ཡོད།།
ལང་ཚོའི་འདབ་མའི་བར་གསེང་ན།།
སྦྲང་ཆར་སིལ་མའི་དངོས་གྲུབ་ཡོད།།
འཛུམ་པའི་ཞལ་རས་པདྨ་ལ།།
འཕྱོར་སོ་དཀར་པོའི་ཕྲ་རྒྱན་ཡོད།།
ལང་ཚོ་རྒྱས་པའི་འདབ་མ་ལ།།
བུང་བ་སྟོང་གི་རྨི་ལམ་ཡོད།།
ལང་ཚོ་རྒྱས་པའི་འདབ་མ་ལ།།
བུང་བ་སྟོང་གི་རྨི་ལམ་ཡོད།།
ཨ་རོགས་སྨན་ཆུང་བུ་མོ་ལགས།།
ཐང་སྨུག་སྦྲ་ཡི་ནང་རོལ་ནས།།
དྲིན་ཆེན་ཕ་མའི་གཅེས་ཕྲུག་ཡིན།།
རང་གཤིས་གཙང་མའི་འཛུམ་མདངས་ལ།།
བདེ་སྐྱིད་འཚོ་བའི་གསང་བ་ཡོད།།
རང་གཤིས་གཙང་མའི་འཛུམ་མདངས་ལ།།
བདེ་སྐྱིད་འཚོ་བའི་གསང་བ་ཡོད།།
གཡང་ཁྱིམ་གྲུ་བཞིའི་ཐབ་མགོ་ན།།
ཞིམ་མངར་འོ་ཇའི་དྲི་བསུང་ཡོད།།
སྨན་ཆུང་བུ་མོའི་ལག་ཟུང་ལ།།
བཅུད་ལྡན་ཟས་ཀྱི་མཆོད་ཁ་ཡོད།།
སྨན་ཆུང་བུ་མོའི་ལག་ཟུང་ལ།།
བཅུད་ལྡན་ཟས་ཀྱི་མཆོད་ཁ་ཡོད།།
ཨ་རོགས་སྨན་ཆུང་བུ་མོ་ལགས།།
དགའ་སྐྱོ་འདྲེས་མའི་འཇིག་རྟེན་ནས།།
ན་མཉམ་སྟོང་གི་རྩེ་གྲོགས་ཡིན།།
དྲུག་འགྱུར་ངག་གི་དབྱངས་རྟ་ལ།།
མངར་སྐྱུར་འཚོ་བའི་གླུ་སྐད་ཡོད།།
དྲུག་འགྱུར་ངག་གི་དབྱངས་རྟ་ལ།།
མངར་སྐྱུར་འཚོ་བའི་གླུ་སྐད་ཡོད།།
བཞོ་དབྱངས་སྙན་མོའི་འགྱུར་ཁུགས་ལ།།
ལྷས་ར་གྲུ་བཞིའི་སྲུང་མ་ཡོད།།
མཐོ་སྒང་འབྲོག་མོའི་རང་གཤིས་ལ།།
ཞོ་དང་འོ་མའི་སྣུམ་ཤ་ཡོད།།
མཐོ་སྒང་འབྲོག་མོའི་རང་གཤིས་ལ།།
ཞོ་དང་འོ་མའི་སྣུམ་ཤ་ཡོད།།