作词 : 仁增南加
作曲 : 尕松旦争/多杰久梅
编曲 : 周强加
གངས་ལྗོངས་མཐོ་སྒང་གནས་མཆོག་ཆུ་དམར་ལེབ།
ཚིག་རྩོམ་མཁན། རིག་འཛིན་རྣམ་རྒྱལ།
དབྱངས་རྩོམ་མཁན། སྐལ་བཟང་བསྟན་འཛིན། རྡོ་རྗེ་འཇིགས་མེད།
གཞས་པ།བསོད་ནམས་རྡོ་རྗེ། སྐལ་བཟང་བསྟན་འཛིན། རྡོ་རྗེ་འཇིགས་མེད།
གླུ་ཚིག་རྒྱ་འགྱུར། རྒྱལ་ཐོག་འགྱུར་མེད་རྡོ་རྗེ།
ཕྱི་ཡི་སྣོད་ཀྱི་མཛེས་ཉམས་ལྟ་ན་སྡུག
ནང་གི་བཅུད་ཀྱི་སེམས་ཅན་བྱམས་བརྩེ་ལྡན།
ཕྱི་ནང་དཔལ་གྱི་ཡོན་ཏན་མཆོག་མངའ་བའི།
གངས་ལྗོངས་མཐོ་སྒང་གནས་མཆོག་ཆུ་དམར་ལེབ།
ཨ། བཀྲ་ཤིས་པའི་ཆུ་དམར་ལེབ།
གངས་ལྗོངས་ཀྱི་མཐོ་སྒང་། གནས་མཆོག་གི་ཡང་རྩེ།
གེ་སར་བཞུགས་ཁྲི། འབྲུག་མོའི་འགག་མཁར།
ལྷ་ཡུལ་གྱི་ཞིང་ཁམས་ཐང་དུ་འཕོས་འདྲ།
མི་ཡུལ་གྱི་མཛེས་སྡུག་ངོམ་པའི་གནས་མཆོག
རྨ་འབྲི་རླབས་ཀྱི་ཟེགས་མ་གནས་འདིར་ཐིགས།
སྒ་སྟོད་ཇོ་བོའི་གཟི་བྱིན་གནས་འདིར་བརྗིད།
ཨ་ཆེན་གངས་ཀྱི་རང་མདངས་གནས་འདིར་མངོན།
གངས་ལྗོངས་མཐོ་སྒང་གནས་མཆོག་ཆུ་དམར་ལེབ།
ཨ། བཀྲ་ཤིས་པའི་ཆུ་དམར་ལེབ།
རྟ་མཆོག་གི་རྩེད་ར། ནོར་གནག་གི་འཇིག་རྟེན།
འབྲི་ཆུ་རབ་བདུན། ཐང་བོད་གནའ་ལམ།
རང་བྱུང་གི་གཏེར་ཁ་ཕྱུག་པའི་བང་མཛོད།
སྐྱེ་ཁམས་ཀྱི་དཔལ་ཡོན་འཕེལ་བའི་ཡུལ་གྲུ
རྨ་ཆུ་འགོ་ཁུངས་ཡིན་པ་ཨ་ལ་ལ།
རྒྱ་བོད་ཟུང་འབྲེལ་བྱེད་པ་ཨ་ལ་ལ།
མི་ཕྱུགས་གོང་འཕེལ་འགྲོ་བ་ཨ་ལ་ལ།
མི་ཕྱུགས་གོང་འཕེལ་འགྲོ་བ་ཨ་ལ་ལ།
བྲེ་སེ་འབྲོང་གཡག་ངར་མའི་རྭ་རྩེད་རྒོད།
གུག་པོ་གཙོད་ཀྱི་རྩེད་ཐང་དགའ་ཚལ་སྐྱིད།
ཁ་དཀར་རྐྱང་གི་བང་རྩལ་འགྲན་པའི་གནས།
གངས་ལྗོངས་མཐོ་སྒང་གནས་མཆོག་ཆུ་དམར་ལེབ།
ཨ། བཀྲ་ཤིས་པའི་ཆུ་དམར་ལེབ།
བྱང་ཐང་གི་འབྲོང་རྒོད། གཙོད་མཆོག་གི་ཕ་ས།
མཐོ་སྒང་གཡང་གཞིས། འཛམ་གླིང་གཙུག་རྒྱན།
ཕ་མེས་ཀྱི་རྣམ་ཤེས་ཆགས་སའི་གཞི་བརྟེན།
ཚ་རབས་ཀྱི་རེ་བ་བཅོལ་སའི་དག་ཞིང་།
ཨ། བཀྲ་ཤིས་པའི་ཆུ་དམར་ལེབ།
བྱང་ཐང་གི་འབྲོང་རྒོད། གཙོད་མཆོག་གི་ཕ་ས།
མཐོ་སྒང་གཡང་གཞིས། འཛམ་གླིང་གཙུག་རྒྱན།
ཕ་མེས་ཀྱི་རྣམ་ཤེས་ཆགས་སའི་གཞི་བརྟེན།
ཚ་རབས་ཀྱི་རེ་བ་བཅོལ་སའི་དག་ཞིང་།