ཕོ་རང་ཚོད་ཟིན་དགོས།
ཚིག བཀྲ་ཤིས་སེང་གེ
དབྱངས། བེ་རི་རང་གྲོལ།
གཞས་པ། ཤེས་རབ་ཉི་མ།
སྐྱིད་སླེབ་ན་མགོ་འཕང་མ་མཐོ།།
སྡུག་ཐོན་ན་མིག་ཆུ་མ་གཏོང་།།
ལས་སྐྱིད་སྡུག་ཅི་ཞིག་བྱུང་རུང་།།
སྐྱེས་ཕོ་རབ་ཁོག་རྒྱ་ཡངས་དགོས།།
སྐྱིད་ན་མགོ་འཕང་མཐོ་བ།
སྡུག་ན་མིག་ཆུ་མང་བ།
མི་ཅོལ་ཆུང་ཞིག་གི་གཤིས་ཀ་རེད།
ཨོ་་་་་ཕོ་རང་ཚོད་ཟིན་དགོས་ཤ་ཉེ་ཚོ།
ཡར་དར་དུས་རང་སྣང་མ་མཐོ།།
མར་རྒུད་དུས་བློ་སྟོབས་མ་ཞུམ།།
ལས་རླུང་རྟ་དར་རུང་རྒུད་རུང་།།
སྟག་ཤ་རའི་ཚུགས་ཀ་ཡོད་དགོས།།
དར་དུས་རང་སྣང་མཐོ་བ།
རྒུད་དུས་བློ་སྟོབས་ཞན་པ།
མི་ཐ་ཤལ་ཞིག་གི་རང་སྲོལ་རེད།
ཨོ་་་་་ཕོ་རང་ཚོད་ཟིན་དགོས་ཤ་ཉེ་ཚོ།
སྐྱེས་ཕོ་རབ་སྐྱིད་ཤོང་སྡུག་ཤོང་།།
བློ་ཁོག་རྒྱ་མཁའ་ལས་ཡངས་བ།།
རྒྱུ་དབང་ཆ་ཐོབ་རུང་ཤོར་རུང་།།
སེམས་དགའ་སྡུག་རི་ལས་བརྟན་དགོས།།
འཕྲད་ན་ངོ་ཤེས་མྱུར་བ།
འགྲོགས་ན་ཨ་གསར་ཆེ་བ།
མི་མ་རབས་ཤིག་གི་གཤིས་ལུགས་རེད།
ཨོ་་་་་ཕོ་རང་ཚོད་ཟིན་དགོས་ཤ་ཉེ་ཚོ།