作词 : 流浪歌手
作曲 : 流浪歌手
གནས་མཆོག་རྭ་སྒྲེང་།
གླུ་ཚིག འབྲོག་ཁ་མང་།
ཡུལ་སྐྱིད་པོ་དབུ་རུ་བྱང་གི་ཕྱོགས། །
རི་མཐོན་པོ་འཕྱིང་དཀར་དབུ་རྩེ་ཡོད། །
ཆུ་དྭངས་མོ་རྭ་སྒྲེང་གཙང་པོ་ཡོད། །
ཡུལ་སྐྱིད་པོ་རྭ་སྒྲེང་ལུང་པ་རེད། །
རི་མཐོན་པོ་དགྲ་ལྷ་རང་འཁོར་ཡིན། །
ཆུ་དྭངས་མོ་བདུད་རྩིའི་ཆབ་རྒྱུན་ཡིན། །
གནས་འདི་ན་བླ་མའི་གདན་ས་ཡོད། །
ས་འདི་ན་ཆོས་ཀྱི་སྒྲ་དབྱངས་ཡོད། །
ཡུལ་སྐྱིད་པོ་དབུ་རུ་བྱང་གི་ཕྱོགས། །
ནགས་སྟུག་པོ་ཁུ་བྱུག་འཁོར་གནས་ཡོད། །
ཐང་ཡངས་མོ་ལག་མཐིལ་བལྟས་འདྲ་ཡོད། །
ཡུལ་སྐྱིད་པོ་རྭ་སྒྲེང་ལུང་པ་རེད། །
ནགས་སྟུག་པོ་ཐང་ཀ་རང་བྱུང་ཡིན། །
ཐང་ཡངས་པོ་མེ་ཏོག་ཞིང་ཁམས་ཡིན། །
གནས་འདི་ན་མཁའ་འགྲོའི་ཕོ་བྲང་ཡོད། །
ས་འདི་ན་ཁྱད་འཕགས་རང་བྱུང་ཡོད། །
ཡུལ་སྐྱིད་པོ་དབུ་རུ་བྱང་གི་ཕྱོགས། །
ཕྱུགས་དཀར་ནག་འཚོ་བའི་འབྲོག་པ་ཡོད། །
ཞིང་འབྲུ་དྲུག་འདེབས་པའི་ཞིང་པ་ཡོད།།
ཡུལ་སྐྱིད་པོ་རྭ་སྒྲེང་ལུང་པ་རེད། །
ཕ་འབྲོག་པ་བདེ་སྐྱིད་རང་གྲུབ་ཡིན། །
ཞིང་སྔོན་མོ་གཡང་གི་བང་མཛོད་ཡིན། །
གནས་འདི་ན་འོ་མའི་རྒྱ་མཚོ་ཡོད། །
ས་འདི་ན་ལོ་ཡག་སྙེ་མ་ཡོད། །