编曲 : 阿卓白玛更松
དཔལ་ཡོན་ཡུས་ཧྲུའུ་ཁྱེད་ཉིད་དགའ་བསུ་ཞུ།
文明玉树玉树欢迎你
ཚིག་གསེར་ཁོག་ཚེ་དབང་།དབྱངས་ཤང་ཐོ་དཀོན་མཆོག་ཚེ་བསྟན།
ལེན་མཁན: ཤང་ཐོ་དཀོན་་མཆོག་་ཚེ་བསྟན། བསོད་ནམས་ཆོས་མཚོ།
ཨ་གྲོ་པདྨ་ཀུན་བཟང་། ཚེ་བརྟན་དཔལ་སྒྲོན།
རི་ལུང་ཀུན་ལ་མེ་ཏོག་སྣ་བརྒྱ་བཀྲ།།
བདེ་མོ་ཐང་ལ་རྟ་ནོར་ལུག་གིས་གང་།།
ལྷང་ལྷང་གཙང་གསུམ་གླུ་སྒྲ་ཀུན་ལ་ཁྱབ།།
དཔལ་ཡོན་ཡུས་ཧྲུའུ་ཁྱེད་ཉིད་དགའ་བསུ་ཞུ།
(ཚན་རྩལ་བུ་མོས་པིར་གྱིས་བྲིས་པའི་གནས།།
འབྱོར་ཕྱུག་དར་ཞིང་ཡུལ་ལུང་བདེ་སྐྱིད་ལྡན།།)
མཛའ་མཐུན་གསེར་གྱི་མེ་ཏོག་ཀུན་ཀྱི་རྒྱན།།
དཔལ་ཡོན་ཡུས་ཧྲུའུ་ཁྱེད་ཉིད་དགའ་བསུ་ཞུ།།
(རིག་གནས་དར་སྤེལ་སྐད་ཡིག་གཙུག་ཏུ་བཀུར།།
རྒན་བཀུར་ཆུང་བྱམས་ཡ་རབས་ལུགས་སྲོལ་འཛིན།།
ཀུན་ཕན་སྙིང་རྗེ་མི་གཤིས་མདའ་ལྟར་དྲང་།།
དཔལ་ཡོན་ཡུས་ཧྲུའུ་ཁྱེད་ཉིད་དགའ་བསུ་ཞུ།།)
རྐྱང་འབྲོང་གསའ་གཟིག་རྩ་ཆེན་རི་དྭགས་གནས།།
དབྱར་རྩྭ་དགུན་འབུ་སྤང་ཡུང་རྫ་ཡུང་སྨན།།
ཡིད་དབང་མཛེས་ལྗོངས་ལྷ་ཡི་ཞིང་བཀོད་རེད།།
དཔལ་ཡོན་ཡུས་ཧྲུའུ་ཁྱེད་ཉིད་དགའ་བསུ་ཞུ།
(གེ་སར་རིག་གནས་གནའ་ཤུལ་ལོ་རྒྱུས་ལྡན།།
གསེར་མགར་དངུལ་མགར་མེས་པོའི་རྒྱུད་འཛིན་སྤེལ།།)
སྣ་མང་སྒྱུ་རྩལ་གསེར་གྱི་སྐར་ཚོམ་རེད།།
དཔལ་ཡོན་ཡུས་ཧྲུའུ་ཁྱེད་ཉིད་དགའ་བསུ་ཞུ།།
(སྟོད་ཀྱི་འབྲོག་སྡེ་འོ་མའི་རྒྱ་མཚོ་འཁྱིལ།།
སྨད་ཀྱི་ཞིང་ས་གསེར་གྱི་སྙེ་མས་ཁེངས།།
བདེ་སྐྱིད་འཚོ་བ་འཛུམ་མདངས་ཁྲོད་ནས་མངོན།
དཔལ་ཡོན་ཡུས་ཧྲུའུ་ཁྱེད་ཉིད་དགའ་བསུ་ཞུ།།