作词 : 旦正本
作曲 : 三佰东主
བརྩེ་བའི་མེ་ཏོག་འཁྲུངས་ཤོག།
ལེན་མཁན། རྟ་མགྲིན་འབུམ།
དབྱངས་རྩོམ་མཁན། བསམ་པའི་དོན་འགྲུབ།
རོལ་མོ། ཤེར་བྷ།
སྒྲ་ཕབ་དང་ཞིབ་སྦྱོར། གཡང་རོང་ཨ་དོན།
སྐྲ་རླུང་གིས་བསྐྱོད་ན་ཉམས་ཤིག་ཡོད།།
ཉམས་དེ་ཡི་ནང་ན་འཛུམ་ཞིག་ཡོད།།
འཛུམ་སེམས་ནས་གྲོལ་བའི་ན་ཆུང་མར།།
ཡག་གདོང་ན་ཡོད་ར་གཤིས་ན་ཡོད།།
གདོང་དཀར་གསལ་ཟླ་བ་ཚེས་ཚེས་ཡིན།།
གཤིས་བལ་དཀར་སྐུད་པ་སྙེད་སྙེད་ཡིན།།
འགྲིག་སོང་ན་གསེར་གྱི་རྣ་ལུང་ཉོ།།
དེའི་ཞོར་ར་གོས་ལྭ་གོས་ཚར་སྐོན།།
ཁ་དུངས་ཚིག་འོ་མ་འཇོ་འཇོ་ཡིན།།
ཁོག་ཨ་མས་བཞོ་གླུ་འགུག་འགུག་ཡིན།།
མཐུན་སོང་ན་བྱུ་རུའི་སྐེ་རྒྱན་ཉོ།།
དེའི་དཀྱིལ་ལ་གཡུ་ཡི་རྒྱན་ཆ་འཕེན།།
མིག་གདོང་ནས་འཛུམ་ན་བརྡ་ཞིག་ཡོད།།
བརྡ་དེ་ཡི་ནང་ན་འདང་ཞིག་ཡོད།།
འདང་ཞེ་རྩ་གཉོམ་པའི་ན་ཆུང་མར།།
ཡག་གདོང་ན་ཡོད་ར་གཤིས་ན་ཡོད།།
ཚིག་ངག་ནས་བརྗོད་ན་ལྷོད་ཅིག་ཡོད།།
ལྷོད་དེ་ཡི་ནང་ན་འགུག་ཅིག་ཡོད།།
འགུག་སྒེག་ཉམས་ལྡན་པའི་ན་ཆུང་མར།།
ཡག་ལུས་ན་ཡོད་ར་གཤིས་ན་ཡོད
ལུས་ཆར་ཟིམ་མེ་ཏོག་ལྡེམ་ལྡེམ་ཡིན།།
སེམས་ཆར་རྗེས་འཇའ་འོད་ཤར་ཤར་ཡིན།།
འཛོམ་སོང་ན་དངུལ་གྱི་གའུ་ཉོ།།
དེའི་ནང་དུ་སྒྲོལ་མའི་ལྷ་སྐུ་འཇོག།