作词 : 拉加才让
作曲 : 班玛
སྐལ་བཟང་ལྷ་མོ།
ཚིག ལྷ་རྒྱལ་ཚེ་རིང་།
དབྱངས། པད་མ།
ལེན་མཁན། ལྷ་མོ་སྐྱིད།
དར་དཀར་པོ་ལྟ་བུའི་སྨུག་པ་དེ། །
རི་མཐོན་པོའི་ཟོམ་ནས་མཁའ་ལ་ཆས། །
གཡུ་སྔོན་མོ་ལྟ་བུའི་ནམ་མཁའ་ན། །
སྤྲིན་དཀར་པོ་དུམ་བུ་དུམ་བུ་སྐྱོད། །
ཨེ་མ་་་་་་སྐལ་བཟང་ལྷ་མོ་ལགས། །
མཐོངས་འདི་ན་སྐྱོད་པའི་སྤྲིན་དཀར་འདི། །
ཁྱོད་ཀྱི་གཡང་དཀར་ལུག་ཁྱུ་རེད་ལོ། །
དབྱར་མེ་ཏོག་བཞད་པའི་སྤང་ཐང་དུ། །
རྩྭ་སྔོན་མོའི་མཛེས་སྡུག་ཐགས་སུ་བསྐྲུན། །
རླུང་བསེར་བུ་དལ་གྱིས་བརྒྱུད་པ་ན། །
སྤང་མེ་ཏོག་གསེར་ཆེན་འཛུམ་ཞིང་དགོད། །
ཨེ་མ་་་་་་་སྐལ་བཟང་ལྷ་མོ་ལགས།
སྤང་འདི་ན་བཞད་པའི་སེར་ཆེན་འདི། །
ཁྱོད་ཀྱི་སླད་མེད་འཛུམ་མདངས་རེད་ལོ། །
གངས་དཀར་བོའི་སུལ་ནས་འོང་བ་ཡི། །
ཆབ་སྔོན་མོ་འདི་ལ་དྭངས་ཤེལ་འཚེར། །
རྫ་སྨུག་པོའི་ཁྲོད་ནས་བཞུར་བ་ན། །
ཡག་མུ་ཏིག་གཏོར་བཞིན་དགའ་ལྷང་ལྷང་། །
ཨེ་མ་་་་་་་སྐལ་བཟང་ལྷ་མོ་ལགས།
ཆབ་སྔོན་མོའི་ལྷུང་ལྷུང་བཞུར་སྒྲ་འདི། །
ཁྱོད་ཀྱི་སྙན་འཇེབས་དགོད་སྒྲ་རེད་ལོ། །